༆ གྲུ་འཛིན་གནས་སུ་འབུམ་ཚོགས་འཁོར་གྱིས་བསྐོར།།
ཕྱག་ན་པད་མ་ཕྲེང་བ་ནོར་བུ་བསྣམས།།
འགྲོ་དྲུག་རྣམས་ལ་གང་འདོད་སྟེར་བ་ཡི།།
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
༼སློབ་དཔོན་ལུ་བསྟོད་རྩོམ་དམ་ཚིག་མཆོད་པ།༽
སློབ་དཔོན་ལགས།
ཁྱོད་ནི་རིག་གནས་བཅུའི་བང་མཛོད་བླ་ན་མེད་པ་ཞིག་དང་།
འཆད་རྩོད་རྩོམ་གསུམ་ལྡན་པའི་ནོར་བུ་ཞིག་ཡིན་ཀྱང།
ཁྱོད་ལ་སུ་ཡིས་ཀྱང་འགྲན་ཟླ་མེད་པའི་མུན་པ་སེལ་བའི་སྒྲོན་མེ་ཞིག་ཡིན།
དེ་བས།
ཁྱེད་བཞུགས་པའི་དུས་འཛམ་གླིང་འདི་དགའ་སྐྱིད་ལྡན་པའི་དཔྱིད་ཀྱི་དཔལ་དུ་འགྱུར།
སློབ་དཔོན་ལགས།
ཁྱོད་ནི།
འཁོར་བའི་རྒྱ་མཚོ་ཆེན་མོ་ནས་སྒྲོལ་བའི་གྲུ་ཆེན་ཡིན་ལ།
ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སོགས་མ་ནོར་བར་སྟོན་མཁན་དེད་དཔོན་ཡང་ཡིན།
ཁྱོད་ནི་འགྲོ་བ་མི་རྣམས་ཀྱི་སྲོག་ཤིང་ཞིག་དང།
ལས་དང་ཉོན་མོངས་པའི་མེ་དཔུང་རྣམས་མ་ལུས་པར་འཇོམས་པའི་བདུད་རྩིའི་ཆར་པ་ཞིག་ཀྱང་ཡིན།
སློབ་དཔོན་ལགས།
ཁྱོད་ནི་མ་རིག་པའི་མུན་པ་སེལ་ཏེ་ཡོན་ཏན་གྱི་སྣང་བར་བྱེད་པའི་ཉི་མ།
ཚེ་འདི་ཕྱི་གཉིས་ཀ་ལ་བདེ་བའི་ཡོན་ཏན་རྣམས་ཀྱི་འབྱུང་གནས་དཔག་བསམ་ལྗོན་ཤིང་།
ད་དུང་ཡང་། ཁྱོད་ནི།
ཅི་འདོད་ཀྱི་ལས་བཞིའི་འཕྲིས་ཀྱི་རྒྱ་མཚོའི་འབྱུང་གནས་ལ་བཞུགས་པའི་ཡིད་བཞིན་གྱི་ནོར་བུ་དང།
མཐའ་ཡས་པའི་སེམས་ཅན་ཀུན་ལ།
ཉེ་རིང་ཆགས་སྡང་མེད་པར་སྙོམས་པའི་དྲིན་ཅན་གྱི་ཕ་མ་ཡིན།
ཨེ་མ།
སློབ་དཔོན་ཁྱོད་མེད་ན།
ཡར་རྒྱས་དང་བདེ་སྐྱིད་ཀྱི་རྩ་བ་མེད།
རྒྱལ་ཁབ་རང་བཙན་གྱི་རྩ་བ་དང་ནི་འཛམ་གླིང་བལྟ་བའི་མིག་ཀྱང་དེ་བཞིན་ནོ།
དེ་བས། ཁྱོད་མེད་ན་ང་ཚོ་མི་རྣམས་ལྟ་ཅི་མོས།
འཛམ་གླིང་འདི་ཉིད་ཀྱང་ཁོ་ནར་མུན་པའི་ནང་དུ་ཐིམ་གྱི་འདུག།
དེ་བས་ན།
སློབ་དཔོན་རྣམས་ལ།
གུས་བཀུར་དང་དམ་ཚིག་བསྟེན།
ཕྱག་ཕྱིད་དང་ཞབས་ཏོག་ཞུ།
མཁྱེན་བརྩེ་ནུས་གསུམ་ལྡན་པའི་སྙིང་གི་སློབ་འཔོན་ཁྱོད་ནི།
རྒྱལ་མཚན་གྱི་རྟོག་ལྟར་གོང་དུ་བཀུར་ཞིང་།
བསྟོད་བསྔགས་ཀྱི་མེ་ཏོག་བཅས་པས་བཀའ་དྲིན་གྱི་ལེགས་འབུལ་ཡང་ཡང་ཞུ་བཞིན་ཡོད།
ཐུགས་རྗེ་ཆེ།
བྲིས་མི༔ བསྟན་འཛིན་བདེ་སྐྱིད་ལྷུན་གྲུབ། སྐུར་བསྟོད་གཞུང་མཁར་པ།༢༠༡༧།
Comments
Post a Comment