Skip to main content

མངའ་བདག་རྒྱལ་པོ་ལ་བསྟོད་ཚིག་དམ་ཚིག་མཆོད་པ།

མཆོད་བརྗོད།
༆ གྲུ་འཛིན་གནས་སུ་འབུམ་ཚོགས་འཁོར་གྱིས་བསྐོར།། ཕྱག་ན་པད་མ་ཕྲེང་བ་ནོར་བུ་བསྣམས།།
    འགྲོ་དྲུག་རྣམས་ལ་གང་འདོད་སྟེར་བ་ཡི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
ངོ་སྤྲོད།
ང་བཅས་ར་འབྲུག་གི་སྤྱི་ནོར་དམ་པ་དཔལ་མི་དབང་མངའ་བདག་འབྲུག་རྒྱལ་ལྔ་པ་མཆོག་གི་མཛད་བྱ་བཟང་པོ་ཚུ་ལུ་བསམ་སྟེ་རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་ཚུ་ཡོད་ལུགས་ལུ་གཞི་བཞག་སྟེ་བསྟོད་རྩོམ་ཐུང་ཀུ་ཅིག་ཕུལ་ནི་ཨིན། རྩོམ་འདི་གིས་སྤྱི་བཏང་ང་བཅས་འབྲུག་གི་རྒྱལཔོ་དང་རྒྱལ་ཁབ་མི་སེར་ཚུ་གི་སྐོལ་ལས་ཧ་གོ་ཚུགས་ནིའི་རེ་བ་སྦོམ་ཡོད་ཟེར་ཞུ་ནི་ཨིན།

༼བསྟོད་ཚིག་དམ་ཚིག་མཆོད་པ།༽
ལྷོ་ཕྱོགས་འཛམ་བུ་གླིང་གི་ས་འདི་ནང་།། རྒྱལ་ཁབ་བརྒྱ་དང་སྟོང་སྦེ་ཡོད་པའི་སྦུག།
དགའ་སྐྱིད་ཉི་མ་ཤར་བའི་ལྷ་གཡུས་བཟུམ།། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཆགས་ཏེ་ཡོད།།

འབྲུག་སྨན་ལྗོངས་ཡངས་པའི་རྒྱལ་ཁབ་འདི།། ཕྱི་དགྲ་ཡི་ཕོགས་ལས་རྣམས་པར་རྒྱས།།
ནང་སངས་རྒྱས་བསྟན་པ་དར་ཤིང་རྒྱས།། འབངས་བདེ་སྐྱིད་ལོངས་སྤྱོད་་ཕུན་སུམ་ཚོགས།།


ཕྱི་སྒང་རི་ཚུ་གིས་བཅའ་རིས་སྒྲིག། ནང་དྲི་ཞིམ་ལྡན་པའི་ལྗོན་ཤིང་འཁྲུངས།།
ཕྱི་མི་གི་བལྟ་ཚེ་མཛེས་པས་ལོ།། ནང་རང་གི་བལྟ་རུང་མཇའ་མི་མཇའ།།

གཞན་རྒྱལ་ཁབ་འདྲ་བའི་སྟོབས་ཤུགས་མེད།། ཡངན་རྒྱལ་ཁབ་ཕྱུག་པའི་བང་མཛོད་མེད།།
ཨའེ་ཨིན་རུང་འདི་ལས་ལྷག་པའི་ནོར།། དཔལ་ཆོས་རྒྱལ་མི་དབང་རྒྱལ་པོ་ཨིན།།

ཡབ་འཇིགས་མེད་སེང་གེ་དབང་ཕྱུག་དང་།། ཡུམ་ཨ་ཞེ་ཚེ་རིང་དབྱངས་སྒྲོན་ལས།།
སྲས་འཇིགས་མེད་གེ་སར་རྣམ་རྒྱལ་མཆོག། སྐུ་འཁྲུངས་ཏེ་འབྲུག་མི་སྐལ་བ་བཟང་།།

དཔལ་འབྲུག་གི་རྒྱལ་ཁབ་དགའ་མི་དགའ།། དགའཝ་སྐྱིད་པའི་ཉི་མ་ཤར་ཏེ་ཡོད།།
འབྲུག་སྨན་ལྗོངས་ལྷ་ཡི་ཞིང་ཁམས་ནང་།། རིགས་ལྷ་ཡི་གདུང་ལས་སྐུ་འཁྲུངས་ནུག།

འབྲུག་སྤྱི་ནོར་མི་དབང་མངའ་བདག་མཆོག། ཕྱི་རིག་པའི་གནས་ལུ་མཁས་པ་དང་།།
ནང་སྲིད་བྱུས་མཁས་ཤིང་བྱམས་སྐྱོང་ཆེ།། འཕགསཔ་སྤྱན་རས་གཟིགས་དང་དབྱེ་བ་མེད།།


ཐུགས་སྤྱན་གྱིས་མི་སེར་ཡོངས་ལུ་གཟིགས།། འབྲུག་མི་སེར་ཡོངས་ཀྱིས་མཐའ་དོན་ལུ།།
ཐུགས་དཀའ་ཚད་མེད་པར་ཕྱག་ལཱ་མཛད།། ངེའི་རྒྱལ་པོ་སྐྱིད་སྡུག་ཕ་མ་ཨིན།།

ལུང་བསྟན་གྱི་མི་དབང་མངའ་བདག་མཆོག། རྒྱལ་སྲིད་ཀྱི་འཁོར་ལོ་ཕྱག་ལུ་བཞེས།།
ཕྱི་རྒྱལ་ཁབ་གཞན་དང་མཐུན་ལམ་མཛད།། ནང་རྒྱལ་ཁབ་སྔར་ལས་དར་ཤིང་རྒྱས།།

ས་སྐྱོང་གི་མི་དབང་མངའ་ཞབས་མཆོག། སྐུ་ཞབས་ཀྱིས་རྒྱལ་ཁམས་བསྐོར་ཏེ་བྱོན།།
འབངས་མི་སེར་ཉམ་ཆུང་སྐྱིད་སྡུག་སེལ།། དཔལ་འབྲུག་གི་མི་སེར་དགའ་སྐྱིད་འཕེལ།།

མེ་ཏོག་ལེགས་པའི་པད་མའི་མདངས།། གཅིག་ཡང་མ་བཞག་དཔུང་དོ་བཟུམ།།
མདངས་ཅན་དྲི་མེད་བཞིན་འཛུམ་འདི།། བརྟན་ཀྱང་འཇལ་རུང་ངོམས་རྒྱུ་མེད།།

འབྲུག་གཡུས་དགའ་བའི་སྐྱེད་ཚལ་ལུ།། ཁྱེད་ཀྱི་ཐབས་རིག་གསར་པ་གིས།།
བཤད་སྒྲུབ་བསྟན་པ་སྤེལ་བ་ཡིས།། མུན་པ་སེལ་བའི་སྒྲོན་མེ་ཨིན།།


སྐུ་ཡི་མཛད་པ་ལྷུན་གྱིས་གྲུབ།། གསུང་ནི་ཐོགས་མེད་འཇམ་དཔལ་དབྱངས།།
ཐུགས་རིག་གཞན་གྱིས་འགྲན་ཟླ་མེད།། ཁྱེད་ནི་ཚངས་ལྷའི་མེ་ཏོག་འདྲ།།

རྒྱ་དང་འབྲུག་གི་མཐུན་འབྲེལ་འདི།། མ་འོངས་བུ་བརྒྱུད་ཚུ་གིས་དོན།།
སྔར་བ་ལྷག་སྟེ་བཙན་ཐབས་ལུ།། གཉིས་སྟོང་བདུན་ལུ་ཆིངས་ཡིག་མཛོད།།

རྒྱལ་ཁབ་མཐའ་ཟུར་ཚུ་གི་དོན།། གཉིས་སྟོང་དགུ་ཡི་ལོ་འདི་ནང་།།
རྒྱལ་ཡོངས་ས་འཇལ་བསྐྱར་ཞིབ་གནང་།། མི་སེར་ག་ར་བདེ་བར་བཀོད།།

ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཡིས།། དཀའ་སྡུག་མྱོང་བའི་མི་སེར་ལུ།།
སྐྱིད་སྡུག་ཟེར་བའི་གསལ་རས་གནང་།། མི་སོར་སྐྱིད་པའི་བྲོ་ཁྲབ་དོ།།

ཉེན་འཚུབས་ཆེ་བའི་རྐྱེན་ངན་ནང་།། རྒྱལ་ཁབ་མི་སེར་ཚུ་གི་དོན།།
སྤྱི་ལོ་གཉིས་སྟོང་བཅུ་གཅིག་ལོར།། བདེ་སྲུང་སྦྱོང་བསྡར་ལྟེ་བ་བཙུགས།།


མ་འོངས་རྒྱལ་ཁབ་རང་བཙན་ལུ།། ན་གཞོན་ཚུ་ལུ་བློ་གཏད་དེ།།
ཕྱི་རྒྱལ་ཚུ་ནང་བཏང་འདི་གིས།། ཡོན་ཏན་གཞི་རྒྱམ་ཡར་རྒྱས་གནང་།།

གཞན་ཁ་མེད་པའི་ལམ་སྲོལ་གཅིག། རྒྱལ་ཁབ་ནང་ལུ་མཛད་མི་འདི།།
སྙིང་རྗེ་རང་གཟུགས་ཨིན་པ་ལས།། བཙན་ཆས་ཡངས་ཆ་གནང་བ་ལེགས།།

དམངས་གཙོའི་རིང་ལུགས་བཙན་ཐབས་དང་།། མི་དམངས་ཡོངས་ཀྱི་དོགས་སེལ་ལུ།།
རྩ་ཁྲིམས་ཆེན་མོ་དགོངས་དུ་བཀུར།། གསུང་བཤད་མཐའ་གཡུས་མེད་པར་གནང་།།

བྱམས་རྩེ་ཅན་གྱི་མི་དབང་མཆོག། རྒྱལ་ཁབ་མི་སེར་ཉམ་ཆུང་དོན།།
གཞི་གསར་བཏང་བའི་ལམ་སྲོལ་བཙུགས།། ང་བཅས་རྒྱལ་པོ་ཆོས་སེམས་ཆེ།།

འཛམ་གླིང་མི་ཡི་བང་མཛོད་ནང་།། མངའ་བདག་རྒྱལ་པོ་བརྒྱ་སྟོང་ཡོད།།
སངས་རྒྱས་དངོས་དང་དབྱེར་མེད་པའི།། འབྲུག་རྒྱལ་ལྔ་པ་གཅིག་ལས་མེད།།


རིན་ཆེན་གསེར་ལས་སྒྲུབ་པའི་གསེར་ཁྲི་སྟེང་།། རང་བཞིན་ཐབས་རིག་གསར་པའི་སྐྱོང་གཞག་ལྡན།།
ལུགས་གཉིས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལགས།། འཛམ་གླིང་ཀུན་གྱིས་བལྟ་བའི་རྒྱན་དུ་འགྱུར།།

ཆོས་རྒྱལ་འབྲུག་རྒྱལ་ལྔ་པའི་གསུངས་སྐད་འདི།། འབྲུག་མི་མ་ཚད་གཞན་གྱི་མི་སེར་ཡང་།།
རྣ་བར་གོ་ཚེ་སེམས་ལུ་དགའ་བ་འདི།། ཚད་མེད་བྱུང་དོ་ཟེར་བའི་གཏམ་ལུ་འགྱུར།།

གཞན་ལས་ཁྱད་པར་འཕགས་པའི་དགའ་སྐྱིད་དང་།། དཔལ་དང་འབྱོར་པའི་ཁྱད་ཆོས་མ་འཛོམས་རུང་།།
འབྲུག་གི་སྙན་གྲགས་ཀུན་ལུ་ཁྱབ་མི་འདི།། ས་སྐྱོང་རྒྱལ་པོ་ཁྱེད་ཀྱི་མཐུ་རྩལ་ཨིན།།

དགའ་སྐྱིད་དཔལ་འཛོམས་རྩ་བ་བཟུང་ཏེ་གིས།། དམངས་གཙོའི་རིང་ལུགས་རྩ་བ་ཆོས་བཞིན་སྐྱོང་།།
བསོད་ནམས་ལྡན་པའི་འབྲུག་པའི་མི་སེར་ཚུ།། བདེ་སྐྱིད་ཉི་མ་ཤར་བ་སེམས་རེ་དགའ།།

མི་དབང་མངའ་བདག་རྒྱལ་པོའི་སྐུ་དྲིན་ལས།། ས་འདིར་འཁྱམས་པའི་མི་སེར་ཕར་རང་བཞག།
འདི་ནང་ཡོད་པའི་དུད་འགྲོ་སེམས་ཅན་ཡང་།། སེམས་པ་སྤྲོ་སྟེ་སྐྱིད་པའི་གླུ་ལེན་དོ།།

ཚེས་ཆེན་བཅོ་ལྔའི་ཟླ་བ་ཤརཝ་ད་ལུ།། འཛམ་གླིང་འོད་ཀྱིས་གང་སྟེ་ཡོད་དོ་བཟུམ།།
ང་བཅས་མི་དབང་རྒྱལ་པོའི་བཞིན་རས་འདི།། ཕྱོགས་བཞི་ག་ལས་བལྟ་རུང་ཡོད་ཆེམ་ཆེ།།
ལུང་བསྟན་གྱི་མི་དབང་རྒྱལ་པོ་མཆོག། སྨན་ལྗོངས་ཀྱི་ལྷ་ཡི་ཞིང་ཁམས་ནང་།།
རྒྱལ་ཁབ་ཀྱི་མི་ཡི་སྲོག་ཤིང་འབད།། སྐུ་ཚེ་འདི་འགྱུར་མེད་བཞུགས་བཅུག་ཅིག།

བདེ་སྐྱིད་འདྲ་ས་མེད་པའི་སྨན་ལྗོངས་ལུ།། སྐྱོང་ཚུལ་འགྲན་མེད་གོང་ས་ལྔ་པ་མཆོག།
སྐུ་ཚེ་དཔག་མེད་ཉི་མའི་འོད་བཟུམ་སྦེ།། སྐལ་བརྒྱར་གནས་ཏེ་བཞུགས་པའི་སྨོན་འདེབས་ཞུ།།

མཇུག་བསྡུ།

རྩོམ་འདི་ལྷབ་པ་ཅིན་རྩོམ་རིག་འདི་ལས་བརྟེན་རྫོང་ཁའི་ནང་རྩོམ་བརྩམ་ཐངས་ཚུ་ཤེས་ཚུགས་པའི་རེ་བ་བསྐྱེདཔ་མ་ཚད་རྩོམ་འདི་ནང་ལུ་ང་བཅས་རའི་རྒྱལཔོ་དང་རྒྱལ་ཁབ་མི་སེར་ཚུ་གི་སྐོར་བཀོད་དེ་ཡོདཔ་ལས་ང་བཅས་ར་འབྲུག་གི་གནས་སྟངས་གི་སྐོར་ལས་ཧ་གོ་ཚུགས་པའི་སྨོན་ལམ་ཞུ།།

བསྟན་འཛིན་བདེ་སྐྱིད་ལྷུན་གྲུབ།
སྐུར་སྟོད།
གཞུང་མཁར་སྨན་སྦིས།
འགྲུལ་འཕྲིན་ཨངཿ ༡༧༤༠༧༦༡༨
lhendupt22@gmail.com

Comments

Popular posts from this blog

སློབ་དཔོན་ལ་བསྟོད་རྩོམ།

མཆོད་བརྗོད། ༆ གྲུ་འཛིན་གནས་སུ་འབུམ་ཚོགས་འཁོར་གྱིས་བསྐོར།། ཕྱག་ན་པད་མ་ཕྲེང་བ་ནོར་བུ་བསྣམས།། འགྲོ་དྲུག་རྣམས་ལ་གང་འདོད་སྟེར་བ་ཡི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ༼སློབ་དཔོན་ལུ་བསྟོད་རྩོམ་དམ་ཚིག་མཆོད་པ།༽ སློབ་དཔོན་ལགས། ཁྱོད་ནི་རིག་གནས་བཅུའི་བང་མཛོད་བླ་ན་མེད་པ་ཞིག་དང་། འཆད་རྩོད་རྩོམ་གསུམ་ལྡན་པའི་ནོར་བུ་ཞིག་ཡིན་ཀྱང། ཁྱོད་ལ་སུ་ཡིས་ཀྱང་འགྲན་ཟླ་མེད་པའི་མུན་པ་སེལ་བའི་སྒྲོན་མེ་ཞིག་ཡིན། དེ་བས། ཁྱེད་བཞུགས་པའི་དུས་འཛམ་གླིང་འདི་དགའ་སྐྱིད་ལྡན་པའི་དཔྱིད་ཀྱི་དཔལ་དུ་འགྱུར། སློབ་དཔོན་ལགས། ཁྱོད་ནི། འཁོར་བའི་རྒྱ་མཚོ་ཆེན་མོ་ནས་སྒྲོལ་བའི་གྲུ་ཆེན་ཡིན་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སོགས་མ་ནོར་བར་སྟོན་མཁན་དེད་དཔོན་ཡང་ཡིན། ཁྱོད་ནི་འགྲོ་བ་མི་རྣམས་ཀྱི་སྲོག་ཤིང་ཞིག་དང། ལས་དང་ཉོན་མོངས་པའི་མེ་དཔུང་རྣམས་མ་ལུས་པར་འཇོམས་པའི་བདུད་རྩིའི་ཆར་པ་ཞིག་ཀྱང་ཡིན། སློབ་དཔོན་ལགས། ཁྱོད་ནི་མ་རིག་པའི་མུན་པ་སེལ་ཏེ་ཡོན་ཏན་གྱི་སྣང་བར་བྱེད་པའི་ཉི་མ། ཚེ་འདི་ཕྱི་གཉིས་ཀ་ལ་བདེ་བའི་ཡོན་ཏན་རྣམས་ཀྱི་འབྱུང་གནས་དཔག་བསམ་ལྗོན་ཤིང་། ད་དུང་ཡང་། ཁྱོད་ནི། ཅི་འདོད་ཀྱི་ལས་བཞིའི་འཕྲིས་ཀྱི་རྒྱ་མཚོའི་འབྱུང་གནས...

གཙང་མོ་སྙན་པའི་གླུ་དབྱངས།

གཙང་མོ་སྙན་པའི་གླུ་དབྱངས། བུཚ། མེ་ཏོག་དཀར་སེར་དམར་ལྗང་།། གསེར་སྦྲང་བུང་བ་འཁོར་ས།། སྐུ་གཟུགས་ལེགས་པའི་བུ་མོ།། སྟག་ཤར་གཞོན་ནུ་འཁོར་ས།། བུམོ། འོད་ཟེར་ཅན་གྱི་ཟླ་བ།། ནམ་མཁའི་སྦུག་ལུ་འཇའ་བས།། སྟག་ཤར་གཞོན་པའི་ཞལ་རས།། སྨན་ཆུང་མིག་ལུ་མཛེས་པས།། བུཚ། མཐོང་ན་མིག་ལུ་མཛེས་པ།། ཉན་ན་གསུང་སྐད་སྙན་པ།། བསམ་ན་སེམས་པ་དགའ་བ།། མཁའ་འགྲོ་དབྱེ་བ་མིན་འདུག། བུམོ། གངས་ཀྱི་གཙང་ཆུ་སྔོན་མོ།། འཐུང་ན་ཁ་སྐོམ་སེལ་བས།། སྟག་ཤར་གཞོན་པ་འཇལ་ཚེ།། སེམས་ཀྱི་ན་ཟུག་སེལ་སོང་།། བུཚ། འབྲུག་གི་རྒྱལ་ཁབ་ནང་ལས།། ཞལ་མཛེས་དཀྱིལ་འཁོར་འཇལ་ཚེ།།  དྲི་མེད་བཅོ་ལྔའི་ཟླ་བ།། ཤར་ལས་ཤར་བྱུང་དྲན་སོང་།། བུམོ། ཕྱི་ལས་སྐུ་ཤ་དཀར་བ།། ནང་ན་ཐུགས་སེམས་ལེགས་པ།། སྟག་ཤར་ཕྱི་གསལ་ནང་གསལ།། ཤེལ་དཀར་བུམ་པ་འདྲ་བས།། བུཚ། དྲི་བཟང་སེམས་ཀྱི་མེ་ཏོག། ཤར་ཡང་སེམས་ལུ་ཤར་ཡོད།། ང་ཡི་ལེགས་པའི་མེ་ཏོག། གཏན་ཀྱང་ཤར་ཏེ་བཞུགས་གནང་།། བུམོ། སྟག་ཤར་དམ་ཚིག་ཡོད་ན།། སེམས་ཀྱི་མེ་ཏོག་རང་ཡང་།། ཚེ་གཅིག་ལུས་ཀྱི་རྒྱན་སྦེ།། མ་འགྱུར་གཏན་ཀྱང་སྡོད་ནི།། བུཚ། ཁྱོད་སྐུ་མེ་ཏོག་དཀར་པོ།། དྲི་མ་སྤོས་ལས་ཞིམ་པས།། བསྐལ་པ་མ་སྟོང་བར་དུ།། ལྷ་ལུ་མཆོད་པ...